Passang Tsering

རང་དབང་། བདེ་སྐྱིད། དྲང་བདེན། བྱམས་རྩེ།
自由 幸福 诚实 慈祥

སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་

         སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་སྒྲུབ་པའི་མཉེན་ཆས་རིགས་སྨོན་ལམ་ཚིག་མཛོད་དང་སྨོན་ལམ་ཚིག་མཛོད་ཆེན་མོ་གཉིས་ལས་དེར་ཤུགས་ཆེར་འོས་སྦྱོར་ཞུ་རྒྱུ་ནི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཡིན།



སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་མདོར་བསྡུས།

༡ སྒྲིག་སྟངས། དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་དང་བོད་ཀྱི་སྐད་ཡིག་གི་ཆོས་ཉིད་ཟུང་འབྲེལ་བྱས་ཡོད་པས་སྔོན་མེད་གསར་གཏོད་ཅིག་ཡིན།

༢ འགྲེལ་ཚུལ། དེ་སྔའི་ཚིག་མཛོད་ཁག་དང་མི་འདྲ་བར། བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་དང་རིག་གཞུང་སྡེ་ཚན་ཁག་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན་པས་འགྲེལ་ཚུལ་མི་འདྲ་བ་འཐུས་ཚང་རང་བཞིན་ཅན་ཞིག་ཡིན།

༣ གྲངས་འབོར། སྨོན་ལམ་ཚིག་མཛོད་ཆེན་མོ་ནི་མ་ཚིག་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ཙམ་(༡༠༧༡༡༣)གྱིས་གྲུབ་པའི་བོད་ཡིག་ཚིག་མཛོད་ཆེ་ཤོས་དེ་ཡིན།

༤ དམིགས་ཡུལ། དེང་རབས་འཕྲུལ་ལས་ཁྲོད་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་ཆ་ཚང་ཞིག་བསྐྲུན་ཆེད་ཡིན།

༥ ལས་ཡུན། ད་དུང་སུམ་ཆ་གཅིག་ཙམ་ལས་རྫོགས་མེད་པས་མུ་མཐུད་ནས་ལོ་ངོ་དྲུག་ལྷག་འབད་བརྩོན་ཞུ་རྒྱུ་ཡིན།

༦ འགན་ཁུར། ཚིག་མཛོད་འདིར་ནོར་བཅོས་དང་ཁ་སྐོང་དགོས་རིགས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་དང་འབྲེལ་ཡོད་རྩོམ་སྒྲིག་སྡེ་ཁག་གིས་སྐབས་ཐོབ་འགན་ལེན་བྱ་རྒྱུ་ཡིན་པས་འབྲེལ་བ་གནང་སྐྱོང་ཡོང་བ་ཞུ། ༼ སྨོན་ལམ་བརྡ་འཕྲིན་གྱི་ད྄་བ་ལས་བཏུས་༽

སྨོན་ལམ་ཚིག་མཛོད་ཆེན་མོ་ནང་འཇུག་བྱེད་དུས་༢༠༡༥ལོའི་ཐོན་རིམ་དང་པོ་ཞེས་གསལ་བཞིན་འདུག་ དེར་རྟེན་དེ་ནི་ཚིག་མཛོད་གསར་ཤོས་འདི་ཡིན་པ་ནི་གོར་མ་ཆག།  


        སྨོན་ལམ་ཚིག་མཛོད་ཆེན་མོ་འདིའི་ཁྱད་ཆོས་གཙོ་བོ་ནི་བོད་ཡིག་གི་ཐ་སྙད་འཚོལ་བཤེར་བྱ་རྒྱུ་དམིགས་སུ་བཟུང་བ་ལས་བོད་དབྱིན་དང་དབྱིན་བོད་གཉིས་ཀྱི་ཡིག་སྒྱུར་བྱེད་ལས་དེ་ཚིག་མཛོད་ཆེན་མོའི་ནང་གནོན་མེད་པ་རེད།  ཡིག་སྒྱུར་གྱི་བྱེད་ལས་དེ་ནི་ཚང་མས་རྒྱུས་མངའ་ཆེ་བའི་སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོའི་ནང་རང་སོར་བཞག་འདུག   ད་ཐེངས་ཀྱི་ཚིག་མཛོད་ཆེན་མོ་འདི་བེད་སྤྱོད་པའི་དུས་ཐ་སྙད་ཕུན་སུམ་ཚོགས་པོ་དང་འགྲེལ་པ་ཟབ་པོ་ཡོད་པ་ཤུགས་ཀྱིས་འཚོར་བཞིན་འདུག་ལ་ད་དུང་མིང་ཚིག་མི་རེ་ངོ་རེའི་མདོ་དབུས་ཁམས་གསུམ་གྱི་སྒྲ་གདངས་ཀྱང་བཅུག་འདུག་  འོན་ཀྱང་སྒྲ་གདངས་དེ་དག་ད་ལྟ་བདག་གི་གློག་ཀླད་ནང་གློད་ཐུབ་ཀྱི་མིན་འདུག་  དེར་རྟེན་འདི་ནི་གློག་ཀླད་ཀྱི་སྐྱོན་ཡིན་མིན་དང་སྒྲ་གདངས་ད་ལྟའི་ངོས་ནས་འཐུས་ཚང་ཡོད་མིན་མི་ཤེས་པས་བྱེད་ལས་འདིའི་ཐད་ཀྱི་མྱོང་བ་ཡང་བརྗོད་ཐབས་བྲལ། འོན་ཀྱང་བདག་གིས་བཤད་འདོད་པ་ནི་གལ་ཏེ་བྱེད་ལས་འདི་རྒྱུན་གཏན་བཞིན་བེད་སྤྱོད་ལེགས་པོ་བྱེད་ཐུབ་ན་དེས་མི་ཚོགས་མང་པོ་ཞིག་ལ་ཕན་པ་བསྐྲུན་ཐུབ། ལྷག་པར་དུ་བདག་དང་འདྲ་བ་དབུས་ནས་ཡོངས་བའི་ཁམས་ཡུལ་དུ་འཚོ་བ་སྐྱེལ་མཁན་ཞིག་གི་ངོས་ནས་བརྗོད་ན་ཧ་ཅང་གི་མཁོ་ཆོད་པོ་ཡོད་འདུག   དེས་མ་ཟད་གལ་འགངས་ཆེ་ཤོས་ནི་བོད་སྐད་ཡིག་གི་སྒྲ་གདངས་གཅིག་འགྱུར་ཡོང་བའི་ཐད་ནུས་པ་ཤུགས་ཆེན་པོ་ཐོན་སྲིད།   ཚིག་མཛོད་ཆེན་མོའི་གཡོན་སྟེང་དུ་དཔེ་རིས་དང་ལོ་རྒྱུས་ལོ་ཚེགས་  ད་དུང་རྒྱུན་ཤེས་བཅས་ཀྱི་གདམ་བྱང་འདུག་ དཔེ་རིས་ནང་གང་འཚོལ་བྱའི་ཐ་སྙད་དེའི་ནང་གི་འགྲེལ་བཤད་རང་བཞིན་གྱི་རི་མོ་ཡོད་པ་དག་དེ་ནས་གསལ་ཐུབ་པ་སྟེ།  དཔེར་ན་ཀ་བ་ལྟ་བུ་ལ་འགྲེལ་བཤད་རང་བཞིན་གྱི་རི་མོ་བཀོད་ཡོད།  རི་མོ་དེ་ནི་དཔེ་རིས་ནང་ཡོད་པ་རེད།  ལོ་རྒྱུས་ལོ་ཚེགས་ནི་གང་འཚོལ་བྱའི་ཐ་སྙད་དང་འབྲེལ་བའི་ལོ་རྒྱུས་ཐོག་གི་བྱུང་འཚུལ་དང་དུས་ཚོད་སྟོན་བཞིན་ཡོད། དེའི་ནང་ཐད་ཀར་ལོ་རྒྱུས་ཐོག་གི་མི་སྣ་འམ་གནས་ཚུལ་འཚོལ་བཤེར་བྱས་ན་བྱུང་བའི་དུས་ཚོད་དང་མི་སྣ་ཡིན་ན་འཁྲུངས་འདས་དུས་ཚོད་སོགས་གསལ་ཐུབ་དེར་རྟེན་དེ་ཡང་ཧ་ཅང་གི་མཁོ་ཆོད་པའི་བྱེད་ནུས་གལ་ཆེན་ཞིག་ཡིན།  རྒྱུན་ཤེས་གདམ་བྱའི་ནང་འཕྲད་གྱི་འཇུག་སྟངས་དང་ཡི་གེའི་སྐྱེ་གནས་  ཡི་གེ་ཕོ་མོ།  ཟླ་སྐར་ཁྱིམ་མིང་།  ཆོས་ཀྱི་མིང་།  དུས་གཟེར་ཉེར་བཞི་  གཉེན་ཚན་འབོད་སྟངས་བཅས་དབྱེ་བ་ཕྱེ་འདུག    དེ་དག་ནི་བརྡ་སྤྲོད་དང་སྐར་རྩིས་ རྒྱུན་གཏན་འཚོ་བའི་འཁྲོད་ཧ་ཅང་མཁོ་ཆོད་པའི་རྒྱུན་ཤེས་ཤ་སྟག་རེད་འདུག   ཡི་གེའི་ཕོ་མོ་དང་འཕྲད་ཀྱི་འཇུག་སྟངས།  ད་དུང་ཡི་གེའི་སྐྱེ་གནས་དབྱེ་འཚུལ་རྣམས་རེའུ་མིག་ལམ་ནས་ཁ་གསལ་ལ་རྟོགས་སླ་བའི་ངང་སྟོན་འདུག་པས་དེ་དག་ནི་བོད་ཡིག་གི་རྨང་གཞིའི་བརྡ་སྤྲོད་ཐོག་ནུས་པ་ཤུགས་ཆེན་ཐོན་ངེས་རེད།  གཉེན་མཚན་གདམ་བྱང་ནང་རང་སོ་སོ་དཀྱིལ་དུ་བྱས་པའི་སྤུན་མཆེད་རྣམས་ཀྱི་མིང་གི་འབོད་སྟངས་གསལ་པོར་སྟོན་འདུག   དེས་དེང་དུས་བོད་རིགས་མང་པོས་རྒྱ་ཡིག་གི་འབོད་སྟངས་ལས་བོད་སྐད་ནས་བརྗོད་མི་ཐུབ་པའི་སྣང་འཚུལ་ངན་པ་དེ་མེད་པར་བཅོས་རྒྱུར་ཕན་ནུས་ངེས་ཅན་ཐོན་སྲིད། 


      དེར་བརྟེན་ཚིག་མཛོད་ཆེན་མོ་ནི་རང་རེའི་ཁ་བ་ཅན་གྱི་བོད་སྐད་ཡིག་གི་གོང་འཕེལ་དང་མ་ཉམས་སོར་ཆུད་ཡོང་རྒྱུར་ནུས་པ་ངེས་ཅན་ཞིག་ཐོན་རྒྱུ་ནི་སྨོད་ཅི་དགོས།

评论